སྒྲིག་གཞི།

༄༅།། མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི།
བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥།

སྔོན་གླེང་།

ལོ་མང་པོའི་སྔོན་ནས་ཕྱི་སྡོད་མགོ་ལོག་པ་དག་གིས་ལོ་སར་མཉམ་རོལ་དང་། ས་གནས་སོ་སོ་ནས་སྤྲོ་སྐྱིད་མཉམ་རོལ་བྱེད་པ་སོགས་མགོ་ལོག་པ་དག་མཉམ་འཛོམས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ཡོད་ལ། སྐབས་དེ་དག་ཏུ་མགོ་ལོག་གི་ཚོགས་པ་ཞིག་དགོས་གལ་ཆེ་བའི་བསམ་ཚུལ་རིམ་བསྟུད་དུ་བྱུང་བ་དང་། དེ་བཞིན་དུ་བླ་མ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཆེད་བཙུགས་གནང་བའི་སྐད་འཕྲིན་ཚོགས་པའི་ནང་དེའི་སྐོར་གྲོས་བསྡུར་ཡུན་རིང་བྱས་མཐར། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་དྷ་རམ་ས་ལར་༸སྐུའི་གྱ་སྟོན་དང་སྟབས་བསྟུན་ནས་ཚོགས་ཆེན་བསྐོང་རྒྱུར་ཐག་གཅོད་བྱུང་། སྐད་འཕྲིན་ཚོགས་པའི་ནང་གྲོས་འཆམ་བྱུང་དོན་བཞིན་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་དྷ་རམ་ས་ལར་ས་ཕྱོགས་སོ་སོ་ནས་ཕེབས་པའི་མགོ་ལོག་པ་ ༡༠༠ ལ་ཉེ་བ་ཞིག་ལྷན་འཛོམས་ཀྱིས་ཉིན་གཅིག་རིང་གྲོས་བསྡུར་རིམ་པར་བྱས་མཐར་ཕྱི་སྡོད་མགོ་ལོག་ཐེབས་རྩ་ཁང་འདི་འཛུགས་རྒྱུར་སྤྱི་མོས་གྲོས་འཆམ་དང་། སྐབས་དང་པོའི་འགན་འཛིན་ལྷན་ཚོགས་དང་། དབུས་རྒྱུན་འོས་འདེམས་ཐོག་ལྷན་ཚོགས་འདི་དབུ་བརྙེས་པ་ཡིན་ནོ།།

ལེའུ་དང་པོ། སྒྲིག་གཞིའི་ངོ་བོ།

དོན་ཚན་དང་པོ། སྒྲིག་གཞིའི་མིང་།

མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥།

དོན་ཚན་གཉིས་པ། ཚོགས་པ་གནས་ཡུལ།

ལས་ཁུངས་གཏན་འབེབས་མ་བྱུང་བར་འོས་འདེམས་བྱུང་བའི་དབུས་རྒྱུན་ཚོགས་གཙོ་སོགས་དབུས་རྒྱུན་མང་ཤོས་གང་དུ་གནས་ས་དེར་ཆ་འཛིན་བྱ་རྒྱུ་ཡིན།

དོན་ཚན་གསུམ་པ། དམིགས་ཡུལ།

ཀ༽ ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་སྲིད་གང་ཐད་ནས་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ།
ཁ༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་མགོ་ལོག་ཁུལ་ལམ་ལོ་རྒྱུས་སྟེང་མགོ་ལོག་པའི་ཁོངས་སུ་གཏོགས་པ་མི་མང་སྐྱོ་བོའི་རིགས་ལ་འཚོ་སྣོན་རོགས་རམ་དང་། སློབ་ཡོན་རོགས་རམ། སྨན་ཡོན་རོགས་རམ་བཅས་བྱ་རྒྱུ།
ག༽ ཕྱི་སྡོད་མགོ་ལོག་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཕན་ཚུན་ངོ་ཤེས་ཡོང་ཆེད་ལོ་སར་དང་དབྱར་སྐྱིད་མཉམ་རོལ་བྱ་རྒྱུ་བཅས་སོ།།

ལེའུ་གཉིས་པ། ཚོགས་མིའི་སྐོར།

དོན་ཚན་བཞི་པ། ཚོགས་མིའི་ཡོང་ཁུངས།
མགོ་ལོག་ཁུལ་གཅིག་གམ་ལོ་རྒྱུས་དང་སྐྱིད་སྡུག་མཉམ་མྱོང་གཅིག་པའི་མགོ་ལོག་པ་ཡོངས་རྫོགས་མགོ་ལོག་ཐེབས་རྩ་ཁང་གི་ཚོགས་མིར་འཛུལ་ཞུགས་ཆོག་པ་ཡིན།
དོན་ཚན་ལྔ་པ། ཚོགས་མིའི་ཐོབ་ཐང༌།
ཀ༽དབུས་རྒྱུན་དང་ས་རྒྱུན་འོས་འདེམས་དང་། ལོ་འཁོར་ཚོགས་ཆེན། དམིགས་བསལ་ཚོགས་ཆེན་སོགས་ལྷན་ཚོགས་ཀྱི་ངོས་ནས་གོ་སྒྲིག་ཞུས་པའི་ཚོགས་ཆེན་སོགས་ལ་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད།
ཁ༽ ཉམ་ཐག་དཀའ་ངལ་ཅན་ལ་འཚོ་སྣོན་དང་། ནད་མནར་རིགས་ལ་སྨན་ཡོན། མཐོ་སློབ་འགྲིམ་བཞིན་པའི་སློབ་མ་དག་ལ་སློབ་ཡོན་བཅས་མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི་ལྟར་ལེན་ཆོག་པའི་ཐོབ་ཐང་ཡོད།

དོན་ཚན་དྲུག་པ། ཚོགས་མིའི་ལས་འགན།

ཀ༽ རིས་སུ་མ་སོང་བའི་སྟེང་ནས་དབུས་རྒྱུན་དང་ས་རྒྱུན་དག་འོས་འདེམས་ཀྱི་ཆ་ཤས་ལེན་དགོས།
ཁ༽ ལོ་འཁོར་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན་དག་ལ་མཉམ་ཞུགས་གང་ཐུབ་བྱ་དགོས།
ག༽ ལོ་རེར་ཐེབས་རྩ་ཁང་གི་སྒྲིག་གཞི་ལྟར་ཚོགས་དངུལ་སྤྲད་དགོས།
ང༽ ཐེབས་རྩ་ཁང་གི་མ་དངུལ་ལ་རྒྱ་བལ་འབྲུག་གསུམ་ནས་མི་རེས་ཧིན་སྒོར་ ༥༠༠ རེ་དང་། ཕྱི་རྒྱལ་ཁག་ནས་ཨ་སྒོར་ ༥༠ རེ་ཕུལ་དགོས།

ལེའུ་གསུམ་པ། འགན་འཛིན་ལྷན་ཚོགས།

དོན་ཚན་བདུན་པ། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ།

ཀ༽ ཚོགས་ཆེན་ཐོག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དྲུག་འོས་འདེམས་བྱ་རྒྱུ།
ཁ༽ ལས་དོན་ཐག་གཅོད་གནང་བདེའི་ཕྱིར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བདུན་གྱི་ནང་ནས་དབུས་རྒྱུན་ཚོགས་གཙོ་ཕུད་པའི་ཚོགས་མི་དྲུག་གི་ནང་ནས་འབྲེལ་མཐུད་པ་གཅིག་འགན་འཛིན་ལྷན་ཚོགས་ནས་ཐད་བསྐོ་གནང་རྒྱུ།
དོན་ཚན་བརྒྱད་པ། འགན་འཛིན་ལྷན་ཚོགས་ཀྱི་འགན་དབང་།
ཀ༽ འགན་འཛིན་འབྲེལ་མཐུད་པས་དབུས་རྒྱུན་དང་། འགན་འཛིན་ལྷན་ཚོགས་ཀྱི་བར་འབྲེལ་མཐུད་ཡོངས་རྫོགས་འགན་ལེན་བྱ་རྒྱུ།
ཁ༽ དབུས་རྒྱུན་ནས་ཐག་གཅོད་མ་ཐུབ་པའི་གནད་དོན་རིགས་འགན་འཛིན་འབྲེལ་མཐུད་པ་བརྒྱུད་འགན་འཛིན་ལྷན་ཚོགས་དང་བཀའ་བསྡུར་གྱིས་ཐག་གཅོད་གནང་རྒྱུ།
ག༽ འགན་འཛིན་ལྷན་ཚོགས་ཀྱིས་དབུས་རྒྱུན་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཁག་ཅིག་ལ་དོགས་གནས་བྱུང་ཚེ་ཐད་ཀར་འགན་འཛིན་འབྲེལ་མཐུད་པ་བརྒྱུད་འགན་འཛིན་ལྷན་ཚོགས་དང་དབུས་རྒྱུན་མཉམ་དུ་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་གིས་ཐག་གཅོད་གནང་དགོས།

ལེའུ་བཞི་བ། རྒྱུན་ལས་ལྷན་ཚོགས།

དོན་ཚན་དགུ་བ། རྒྱུན་ལས་ལྷན་ཚོགས་ཀྱི་གྲུབ་ཆ།

ཀ༽ མགོ་ལོག་ཐེབས་རྩ་ཁང་གི་ལས་དོན་འགན་ཁུར་རྐང་ལེན་ཆེད་དབུས་རྒྱུན་ལྔ་ལས་མི་ཉུང་བའི་རྒྱུན་ལས་ཚོགས་ཆུང་ལ། ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་ཡོད་དགོས།
ཁ༽ རྒྱུན་ལས་ཚོགས་མི་ཕྱི་སྡོད་མགོ་ལོག་པ་ཡོངས་ནས་རྒྱལ་ཡོངས་འོས་འདེམས་སམ་ཡང་ན་ཚོགས་ཆེན་གཅིག་ནས་འོས་འདེམས་བརྒྱུད་བསྐོ་གཞག་བྱ་རྒྱུ།
ག༽ རྒྱུན་ལས་དག་གི་ལས་གནས་རྒྱུན་ལས་ནང་ཁུལ་ནས་གྲོས་བསྡུར་རམ་ཡང་ན་གསང་བའི་འོས་འདེམས་བརྒྱུད་བསྐོ་གཞག་བྱ་རྒྱུ།
ང༽ རྒྱུན་ལས་ཚོགས་ཆུང་གི་ལས་ཡུན་ལོ་གསུམ་ཡིན་ཞིང་། ལས་ཡུན་མ་རྫོགས་སྔོན་རྒྱུན་ལས་གསར་བ་འོས་འདེམས་ཟིན་པ་དགོས་རྒྱུ་དང་། རྒྱུན་ལས་རྙིང་པ་བསྐྱར་འདེམས་ལ་དགག་བྱ་མེད།

དོན་ཚན་བཅུ་བ། རྒྱུན་ལས་ལྷན་ཚོགས་ཀྱི་འགན་དབང་།

ཀ༽ རྒྱུན་ལས་ལྷན་ཚོགས་ཀྱིས་མགོ་ལོག་ཐེབས་རྩ་ཁང་གི་ལས་དོན་སྤྱི་དང་བྱེ་བྲག་གི་ལས་འཆར་ཁག་གཏན་འབེབས་བྱ་དགོས། གལ་ཏེ་ཛ་དྲག་གི་རིགས་ཐག་གཅོད་བྱེད་མ་ཐུབ་ཚེ་འགན་འཛིན་ལྷན་ཚོགས་དང་གྲོས་བསྡུར་གྱིས་ཐག་གཅོད་བྱ་དགོས།
ཁ༽ རྒྱུན་ལས་ལྷན་ཚོགས་ཀྱིས་ལས་དོན་གྲུབ་འབྲས་བསྐྱར་ཞིབ་བྱ་རྒྱུ་དང་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཀྱི་འཆར་འགོད་དང་ལས་དོན་ཆ་བགོས་བྱ་དགོས།
ག༽རྒྱུན་ལས་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་ལས་དོན་དང་། དཔལ་འབྱོར་དང་རྩིས་ཀྱི་གནས་སྟངས་ཁག་ལ་དུས་ནས་དུས་སུ་བསྐྱར་ཞིབ་བྱ་དགོས།
ང༽རྒྱུན་ལས་ལྷན་ཚོགས་ཀྱིས་ལོ་རེའི་རྩིས་ཁྲ་དང་ལས་བསྡོམས་ཞིབ་ཚགས་བཟོ་བཀོད་ཐོག་ཕྱི་སྡོད་མགོ་ལོག་ཕྱི་ལ་ཁྱབ་བསྒྲགས་བྱ་དགོས།

དོན་ཚན་བཅུ་གཅིག་པ། ཚོགས་གཙོ་གཞོན་དང་། དྲུང་ཆེའི་ལས་འགན།

ཀ༽མགོ་ལོག་ཐེབས་རྩ་ཁང་གི་ལས་དོན་གང་ཡིན་ཚོགས་གཙོ་གཞོན་དང་དྲུང་ཆེས་གོ་བསྡུར་བརྒྱུད་བཀོད་ཁྱབ་དང་ལམ་སྟོན་བྱ་རྒྱུ་དང་། ལས་ཁུངས་སྤྱིའི་འགན་དབང་ཆ་ཚང་ཚོགས་གཙོ་ལ་ཡོད།
ཁ༽རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་ཚོགས་འདུ། དམིགས་བསལ་ཚོགས་འདུ་སོགས་ཀྱི་སྟངས་འཛིན་ཚོགས་གཙོས་བྱེད་དགོས་ལ། ཚོགས་གཙོ་ཚོགས་ཞུགས་མ་ཐུབ་ཚེ་ཚོགས་གཞོན་གྱིས་སྟངས་འཛིན་བྱེད་དགོས།
ག༽ རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་དང་། གསལ་བསྒྲགས། བཀོད་ཁྱབ་སོགས་ཚོགས་གཙོས་སྟངས་འཛིན་འོག་བྱ་དགོས།
ང ༽ ལྷན་ཚོགས་ཀྱི་དྲུང་ཆེ་ལགས་ཀྱིས་རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་ཚོགས་འདུ། དམིགས་བསལ་ཚོགས་འདུ་སོགས་ཀྱི་ཚིག་ཐོ་བཀོད་རྒྱུ་དང་། དེ་བཞིན་དུ་ཚོགས་གཙོའི་ལམ་སྟོན་ལྟར་ཡིག་ཆ་ཁག་བཅོས་སྒྲིག་བྱ་རྒྱུ།

ལེའུ་ལྔ་པ། ས་གནས་རྒྱུན་ལས།

དོན་ཚན་བཅུ་གཉིས་པ། ས་གནས་རྒྱུན་ལས་ཀྱི་གྲུབ་ཆ་དང་བསྐོ་འཛུགས།

ཀ༽ ས་གནས་རྒྱུན་ལས་ཀྱི་གྲངས་ཀ་ས་གནས་ལ་དཔག་པའི་སྒོ་ནས་གྲངས་གཉིས་ལས་མ་ཉུང་བ་བསྐོ་འཛུགས་བྱེད་དགོས་ལ། འཐུས་མི་གཉིས་པོ་ཚོགས་གཙོ་དང་དྲུང་ཆེའི་མིང་གནས་ཐོག་དང་། དེ་ལས་མང་བ་ཡོད་ཚེ་ས་རྒྱུན་རང་ནས་ཐག་གཅོད་བྱེད་འཐུས།
ཁ༽ ས་གནས་རྒྱུན་ལས་དག་རབ་བྱུང་ན་ས་གནས་རང་ནས་འོས་འདེམས་རྒྱུད་བསྐོ་བཞག་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ཚེ་དབུས་རྒྱུན་ནས་སྐབས་བབ་ལ་གཟིགས་ཏེ་བསྐོ་བཞག་བྱ་རྒྱུ།
དོན་ཚན་བཅུ་གསུམ་པ། ས་གནས་རྒྱུན་ལས་ཀྱི་ལས་འགན།
ཀ༽ དབུས་རྒྱུན་ནས་གོ་སྒྲིག་བྱས་པའི་ཚོགས་ཆེན་སོགས་ལ་ས་གནས་ཀྱི་འཐུས་མིའི་མིང་ཐོག་ནས་ཚོགས་ཞུགས་བྱ་དགོས།
ཁ༽ ས་གནས་ཀྱི་ནད་མནར་དང་ཉམ་ཐག སློབ་ཡོན་སྤྲོད་ཡུལ་བཅས་ལ་ཞིབ་འཇུག་བྱ་དགོས།
ག༽ ས་གནས་ཀྱི་ཚོགས་དངུལ་ཁག་བསྡུ་རུབ་གྱིས་དབུས་རྒྱུན་ལ་རྩིས་འབུལ་བྱ་དགོས།

ལེའུ་དྲུག་པ། རྩིས་ཁྲ་དང་རོགས་སྐྱོར།

དོན་ཚན་བཅུ་གསུམ་པ། དཔལ་འབྱོར་འདུ་འགོད་དང་བདག་ཉར་བྱེད་ཕྱོགས།

ཀ༽ མགོ་ལོག་ཐེབས་རྩ་ཁང་གི་དགོས་ངེས་འགྲོ་གྲོན་དངུལ་འབབ་ཕུད། དེ་མིན་དངུལ་འབོར་ཅི་ཡོད་དངུལ་ཁང་དུ་དུས་བཀག་སྐྱེད་བཅོལ་ལམ། ཡང་ན་ཁུངས་བརྟན་པའི་མིར་སྐྱེད་འཇོག་བྱ་རྒྱུ། ཁུངས་བརྟན་མིན་རྒྱུན་ལས་ལྷན་ཚོགས་ཀྱིས་ཐག་གཅོད་བྱ་རྒྱུ་དང་། དངུལ་ཁང་དུ་སྐྱེད་འཇོག་བྱེད་ཚེ་ཚོགས་གཙོ་དང་དྲུང་ཆེ་རྩིས་པ་གསུམ་གྱི་མིང་ཐོག་འཇོག་རྒྱུ་དང་། རྒྱུན་ལས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་མེད་པར་ནམ་ཡང་དངུལ་ཕྱིར་ལེན་མི་ཆོག
ཁ༽ དགོས་ངེས་རྒྱུན་གྲོན་ཆེད་དངུལ་ཁང་དུ་དངུལ་འཇོག་ (Saving bank account) བྱ་རྒྱུ་དང་། དེ་ཡང་ཚོགས་གཙོ། དྲུང་ཆེ། རྩིས་པ་བཅས་ཀྱི་མཚན་ཐོག་ཏུ་འཇོག་རྒྱུ། དེ་ནས་མཚན་འཁོད་པ་རྒྱུན་ལས་གཉིས་ཀྱི་མཚན་རྟགས་ཐོག་དངུལ་འདོན་འཇུག་ཆོག་ནའང་། ཧིན་སྒོར་ལྔ་ཁྲི་མན་ཚོགས་གཙོ་ལྷན་རྒྱས་ནས་ཐག་གཅོད་བྱ་རྒྱུ་དང་། དེ་ལས་མང་བ་དགོས་གལ་བྱུང་ཚེ་འགན་འཛིན་ལྷན་ཚོགས་དང་རྒྱུན་ལས་ལྷན་ཚོགས་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། གལ་སྲིད་ཛ་དྲག་གི་གནས་ཚུལ་རིགས་བྱུང་ནས་འགན་འཛིན་ལྷན་ཚོགས་དང་རྒྱུན་ལས་ལྷན་ཚོགས་བསྡུ་བསྐོང་གི་དུས་ཁོམ་མ་བྱུང་ཚེ་འགན་འཛིན་ལྷན་ཚོགས་ཀྱི་འབྲེལ་མཐུད་པའི་འགན་དབང་ཐོག་འགན་འཛིན་ལྷན་ཚོགས་ལ་སྙན་གསན་གྱིས་བཀའ་ཁྲོལ་གཏན་འབེབས་བྱ་རྒྱུ།
ག༽ རྒྱུན་གྲོན་གསོལ་ཕོགས་དང་ཁང་གླ། གཞན་དངུལ་འབོར་ཆེ་བ་རྣམས་དངུལ་ཁང་བཅད་ཤོག་བརྒྱུད་སྤྲོད་དགོས། དེ་ལྟར་མ་བྱུང་ཚེ་ཁུངས་ལྡན་འགྲེལ་བརྗོད་ཡིག་ཐོག་འགོད་དགོས།
ང༽ དངུལ་གཉེར་གྱི་སར་ལག་དངུལ་ཧིན་སྒོར་ཉིས་ཁྲི་ལས་ལྷག་ཉར་འཇོག་མི་ཆོག གལ་སྲིད་ལག་དངུལ་བོར་བརླག་བྱུང་ཚེ་དངུལ་གཉེར་ནས་འགན་འཁུར་དགོས།
ཅ༽ འགྲོ་སོང་ཅི་ཕྱིན་ལ་ཁུངས་ལྡན་བྱུང་འཛིན་ཡོད་དགོས། དེ་ལྟར་མ་བྱུང་ཚེ་མ་ཐུབ་པའི་འགྲེལ་བརྗོད་གསལ་བོ་དགོས།
ཆ༽ལས་འཆར་བྱེ་བྲག་པར་སྤྱི་དངུལ་ནས་གཏོང་མི་དགོས་པར་ལས་འཆར་བཟོས་ཏེ་སྤྱི་སྒེར་རོགས་ཚོགས་ཁག་ནས་ཐབས་འཚོལ་བྱ་རྒྱུ།
ཇ༽ མགོ་ལོག་ནང་ཁུལ་དང་། ཕྱི་རྒྱལ་ཁག་ནས་ཐོབ་པའི་རོགས་དངུལ་ཚང་མ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་ཀྱིས་མཁྱེན་རྟོགས་ཡོད་དགོས་པ་དང་། འཕྲལ་དུ་དངུལ་ཁང་ངམ་ཁུངས་བརྟན་པའི་མིར་སྐྱེད་འཇོག་བྱ་དགོས།
ཉ༽ ཧིན་སྒོར་དངུལ་རྐྱང་ཆིག་འབུམ་ལྷག་འབྲེལ་ཡོད་གང་རུང་གིས་ཟླ་གཅིག་ནང་ཚུན་དངུལ་ཁང་ངམ་སྐྱེད་འཇོག་མ་ཐུབ་ཚེ། འབྲེལ་ཡོད་ནས་དངུལ་སྐྱེད་བརྒྱ་ཆ་ ༧ སྒྲུབ་འབུལ་ཞུ་དགོས། དེ་མིན་མ་ཐུབ་པའི་འགྲེལ་བརྗོད་ཡིག་ཐོག་འགོད་དགོས།
ཏ༽ ཞལ་འདེབས་དང་རོགས་རམ་བྱུང་རིགས་ལ་བྱུང་འཛིན་ངེས་པར་དུ་སྤྲོད་དགོས།
ཐ༽ ས་རྒྱུན་ཁག་ལ་ཚོགས་དངུལ་དུས་ཐོག་བསྡུ་དགོས་པའི་བཀོད་ཁྱབ་གཏོང་དགོས་པ་དང་། ཚོགས་དངུལ་ལས་བྱུང་བའི་རྩིས་གསལ་བདག་ཉར་དགོས།
ད༽ མགོ་ལོག་ཐེབས་རྩ་ཁང་གི་མ་དངུལ་ལ་ཞལ་འདེབས་དང་། དེ་བཞིན་རོགས་སྐྱོར་བྱ་ཡུལ་བཅས་དོལ་རྒྱལ་རྟེན་མཁན་དང་འབྲེལ་བ་གཏན་ནས་མེད་པ་དགོས།
དོན་ཚན་བཅུ་བཞི་པ། ཉམ་ཐག་དང་ནད་མནར་སློབ་མ་བཅས་ལ་རོགས་སྐྱོར།
ཀ༽ མགོ་ལོག་ཐེབས་རྩ་ཁང་གི་ཁྱབ་ཁོངས་མི་གང་རུང་ནད་མནར་གྱི་རྐྱེན་པས་སྨན་ཁང་དུ་ཞག་སྡོད་བྱེད་དགོས་བྱུང་བ་ཤེས་ཚེ་ཆ་རྐྱེན་བཟང་ངན་ལ་མ་ལྟོས་པར་གཅིག་གྱུར་གྱིས་ལུས་ཁམས་འཚམས་འདྲིའི་ཆེད་ཧིན་སྒོར་ ༡༠༠༠ རེ་འབུལ་རྒྱུ།
ཁ༽ མགོ་ལོག་ཐེབས་རྩ་ཁང་གི་ཁྱབ་ཁོངས་མི་གང་རུང་རྐྱེན་འདས་བྱུང་རིགས་ལ་གཅིག་གྱུར་གྱིས་མཆོད་འབུལ་ཆེད་ཧིན་སྒོར་ ༡༥༠༠ རེ་འབུལ་རྒྱུ།
ག༽ སྤྱིར་བཏང་ནད་པར་རོགས་སྐྱོར། (འགྲོ་སོང་དཀའ་ངལ་ཡོད་པ་གང་ཞིག་ལ་དུས་རྒྱུན་སྨན་བསྟེན་དགོས་མཁན།) ལོ་གཅིག་གི་སྨན་ཡོན་གྱི་བརྒྱ་ཆ་བཅུ་ནས་ལྔ་བཅུ་ཙམ་འབུལ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ།
ང༽ དམིགས་བསལ་ནད་པར་རོགས་སྐྱོར། (འགྲོ་སོང་དཀའ་ངལ་ཡོད་པ་གང་ཞིག་ལ་གློ་བུར་ནད་པའི་རིགས།) སྨན་ཡོན་བརྒྱ་ཆ་བཅུ་ནས་ལྔ་བཅུ་ཙམ་འབུལ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ།
ཅ༽ རྒན་གསོ་ཁང་དུ་བསྡད་མེད་པའི་བདག་མེད་རྒན་གཅོང་རིགས་ལ་རོགས་སྐྱོར། ལོ་གཅིག་ནང་ཧིན་སྒོར་ ༥༠༠༠ ནས་ ༣༠༠༠༠ བར་རོགས་སྐྱོར་བྱ་རྒྱུ།
ཆ༽ ལས་མེད་འཚོ་བ་དཀའ་ཁག་ཅན་ལ་རོགས་སྐྱོར། ལོ་གཅིག་ནང་ཧིན་སྒོར་ ༥༠༠༠ ནས་ ༣༠༠༠༠ བར་རོགས་སྐྱོར་གནང་རྒྱུ།
ཇ༽ སློབ་ཡོན་དཀའ་ངལ་ཅན་ལ་རོགས་སྐྱོར། (འགྲོ་སོང་དཀའ་ངལ་ཡོད་པ་གང་ཞིག་ལ་མཐོ་སློབ་གྱི་གོ་སྐབས་ཡོད་མཁན།) ལོ་གཅིག་གི་སློབ་ཡོན་བརྒྱ་ཆ་བཅུ་ནས་ལྔ་བཅུ་ཙམ་འབུལ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ།
ཉ༽ བོད་ནས་གནས་མཇལ་དང་གཉེན་འཕྲད་ལ་ཕེབས་མཁན་མགོ་ལོག་པ་གང་རུང་ལ་གློ་བུར་དཀའ་ངལ་འཕྲད་པའི་རིགས་བྱུང་ཚེ་སྐབས་འཕྲལ་དབུས་རྒྱུན་ནས་རོགས་རམ་ཅི་དགོས་ཐག་གཅོད་གནང་རྒྱུ།
ཏ༽ གོང་འཁོད་དོན་ཚན་ག་བ་ནས་ཇ་བ་བར་གྱི་དོན་གནད་ཁག་དངོས་བདེན་ཡིན་མིན་རྒྱུན་ལས་ལྷན་ཚོགས་སམ་ཆེད་བཙུགས་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་དོ་ནན་བྱ་རྒྱུ་བཅས་སོ།།

ལེའུ་བདུན་པ། ལས་དོན་བྱེད་ཕྱོགས་ཀྱི་སྐོར།

དོན་ཚན་བཅོ་ལྔ་པ། འགྲིམ་འགྲུལ་དང་ཟུར་ཕོགས།

ཀ༽ མགོ་ལོག་ཐེབས་རྩ་ཁང་གི་ལས་དོན་ཆེད་ཕྱོགས་བསྐྱོད་དགོས་སྐབས་འགྲིམ་འགྲུལ་ཐོབ་ཐང་མེ་འཁོར་གྲང་གློག་ཨང་ 3AC དང་ཡང་ན་ 2AC གང་རུང་དང་། སྤྱི་སྤྱོད་གླ་འཁོར་དཀྱུས་མའི་ཐོབ་ཐང་ཡོད། དེ་ལས་བརྒལ་བའི་འཕར་སོང་རང་ངོས་ནས་གཏོང་དགོས། ཛ་དྲག་གི་རྐྱེན་པས་གནམ་གྲུར་བསྐྱོད་དགོས་བྱུང་ན་རྒྱུན་ལས་རྣམས་ཀྱིས་གོ་བསྡུར་བྱ་འཐུས།
ཁ༽ ཕྱོགས་བསྐྱོད་སྐབས་ཉིན་དོད་ཧིན་སྒོར་ ༥༠༠ ཐམ་པ་དང་། ཞལ་ལག་ནར་གཏོང་ཡོད་ན་དེའི་ཐོབ་ཐང་མེད།
ག༽ ཕྱོགས་བསྐྱོད་སྐབས་མགྲོན་ཁང་ནང་བཞུགས་དགོས་བྱུང་ཚེ་ཉིན་རེར་ཧིན་སྒོར་ ༡༠༠༠ ལས་བརྒལ་ན་དོ་བདག་སོ་སོས་གཏོང་དགོས། གཞན་དམིགས་བསལ་གྱི་འགྲོ་གྲོན་ཡོད་ན་རྒྱུན་ལས་ལྷན་ཚོགས་ཐོག་སྔོན་ནས་བཀའ་འཁྲོལ་ཡོད་པ་དང་། ཡང་ན་རྒྱུན་ལས་ལྷན་ཚོགས་ཀྱིས་དམིགས་བསལ་ཐག་གཅོད་བྱེད་དགོས་རིགས་ལས་གཞན་ཅི་ཡོད་རྩིས་འགྲོ་གཏོང་རྒྱུ་མིན་པ་བཅས་སོ།།

དོན་ཚན་བཅུ་དྲུག་པ། རྩ་འཛིན་སྒྲིག་གཞིའི་སྐད་ཡིག་ཚད་འཛིན།

མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི་འདི་སྐད་ཡིག་གང་འདྲ་ཞིག་གི་ཐོག་ཕབ་བསྒྱུར་བྱས་ཀྱང་ཚད་འཛིན་ས་བོད་ཡིག་ཡིན།
དོན་ཚན་བཅུ་བདུན་པ། རྩ་འཛིན་སྒྲིག་གཞི་བསྐྱར་བཅོས།
མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་རིགས་བྱུང་ཚེ་རྒྱུན་ལས་ལྷན་ཚོགས་ཀྱིས་མང་མོས་ཐོག་བསྐྱར་བཅོས་བྱ་འཐུས།

མགོ་ལོག་ཐེབས་རྩ་ཁང་གི་སྒྲིག་གཞི་གཏན་འབེབས་བྱེད་ཉིན་ནས་ལག་བསྟར་བྱ་རྒྱུ།
ཤིང་ལུག་ལོའི་བོད་ཟླ་ ༩ ཚེས་ ༣༠ ལྷག་དཀར་ཉིན་ནོར་བུ་གསོལ་མགྲོན་ཁང་དུ་གཏན་འབེབས་བྱས།
མགོ་ལོག་ཐེབས་རྩ་ཁང་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཡིག་ཚང་ནས་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༡༡ ལ།

༄༅།། མགོ་ལོག་ཐེབས་རྩ་ཁང་གི་སྐབས་དང་པོའི་འགན་འཛིན་ལྷན་ཚོགས།

བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥།
བསོད་རྒན་སྤྲུལ་སྐུ་པདྨ་བློ་གྲོས། དྷ་ས།
གཞི་སྤྲུལ་ཆོས་ཉིད་རང་ཤར། འབྲུག
འགུ་ལོག་དམ་ཆོས་དཔལ་བཟང་། དྷ་ས།
སྤྱི་འཐུས་བཀྲ་ཤིས་དོན་འགྲུབ། བལ་ཡུལ།
བླ་མ་འཇིགས་མེད་རྣམ་རྒྱལ། ཡུ་རོབ།
འཚམས་རིས། ཨ་རི།
འཇམ་དཔལ་རྒྱ་མཚོ། བལ་ཡུལ།

༄༅།། མགོ་ལོག་ཐེབས་རྩ་ཁང་གི་སྐབས་དང་པོའི་དབུས་རྒྱུན་ལས་དག

བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥།
ཚོགས་གཙོ། འཇམ་དཔལ་རྒྱ་མཚོ། བལ་ཡུལ།
ཚོགས་གཞོན། དགེ་བཤེས་བློ་བཟང་བསྟན་འཛིན། འབྲས་སྤུངས།
དྲུང་ཆེ། ཚངས་དབྱངས་རྒྱ་མཚོ། དྷ་ས།
དངུལ་གཉེར། སྨིན་སྣང་མཛེས། དྷ་ས།
རྩིས་པ། འཇིགས་མེད་ཚུལ་ཁྲིམས། ལྡི་ལི།

མཆན། : 0